མ་ཡུམ་མི་རིགས་སློབ་ཆེན་གླིང་ན།།
བོད་པའི་གཅེན་གཅུང་ལྷན་དུ་འཛོམས་ནས།། ཕ་སྐད་གཙང་མའི་སྒྲ་དབྱངས་འདེགས་ས།། ཧི་མ་ལ་ཡའི་རིག་གཞུང་ཚོགས་པ།། དཔེ་ཆ་བཟང་པོའི་སྒམ་མཛོད་ནང་དུ།། ཤེས་རིག་བདུད་རྩིའི་འོ་ཞོ་འཐུང་བཞིན།། ལང་ཚོ་དར་བའི་སྙིང་སྟོབས་གསོན་པོ།། ཕུགས་བསམ་སྒྲུབ་པའི་ཕོ་ཉ་མངགས་ཡོད།། ཟའ་མཇུག་སྤེན་པའི་སློབ་སྟེགས་ཐོག་ནས།། སློབ་དཔོན་དུ་མའི་སློབ་ཁྲིད་མྱོང་བཞིན།། སློབ་ཆེན་འཚོ་བའི་གསེར་སྒ་ཁྲ་མོ།། རིག་གཞུང་རྟ་ཕོའི་སྒང་ལ་བསྟད་ཡོད།། བྱེད་སྒོ་ཆེ་ཆུང་སྣ་ཚོགས་གང་ཡང་།། རྩམ་གཟན་བོད་མིའི་རང་གཤིས་མངོན་ལ།། གནའ་དེང་ཟུང་གི་གར་སྟབས་ཁྲོད་དུ།། འཆམ་མཐུན་དགོད་སྒྲའི་རྡོག་སྒྲ་འགྲིག་སོང་།། དྲང་ལྡན་འགན་ཁུར་སྟོབས་ཤུགས་དམ་པོས།། ཚོགས་མི་བཟང་པོའི་གཞོགས་འདེགས་ཀློང་ནས།། ལྷག་བསམ་གཙང་མའི་ཉི་མ་གཞོན་ནུ།། མི་རིགས་སློབ་ཆེན་གླིང་ལ་འཕྲོས་ཡོད།། མཐུན་སྒྲིལ་ཨ་ལོང་དགུ་སྒྲིག་བྱས་ཏེ།། རིགས་ཞེན་མེ་ལྕེ་དགུང་དུ་མཆེད་བཞིན།། སྤུན་ཟླའི་ཚོགས་པའི་མཛའ་བརྩེ་འགྲོགས་ནས།། མདུན་བསྐྱོད་ལམ་ལ་ཤུགས་ཀྱིས་བསྐྱོད་ཡོད།། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི།། ཧི་མ་ལ་ཡའི་རིག་གཞུང་ཚོགས་པ།། ཡར་རྒྱས་བརྩོན་འགྲུས་སྒལ་ཚིགས་བརྟན་པོའི།། འཇིགས་མེད་གདོང་ལྔའི་རྒྱལ་རྔ་སྒྲོགས་ཤིག། |