སྡུག་ལ་མཆི་མ་བཞུར་བྱུང་།
གཞས་ཚིག བློན་རྐང་ཐང་།
གཞས་གདངས། ཁ་བ་དོན་གྲུབ།
རོལ་མོ་སྦྱོར་མཁན:མགར་བསམ་འགྲུབ་ཚེ་རིང་།
ལེན་མཁན། གཡང་རྟེན་སྐྱབས།
སྒྲ་ལེན་མཁན། རྨ་ལྷོ་རྫོང་དུས་རབས་་རིག་གནས་སྒྱུ་རྩལ་ཁང་།
འབྲི་མོ་བཏགས་དང་མ་བཏགས།།
བེའུ་ཆུང་ཕྲུ་གུས་བཤད་ཡོང་།།
ལྷས་མཐའ་ཉུལ་བའི་ཨ་མས།།
སྡུག་ལ་མཆི་མ་བཞུར་བྱུང་།།
ལུག་ཁྱུ་འཚོས་དང་མ་འཚོས།།
འབའ་འབའ་ལུ་གུས་བཤད་ཡོང་།།
ལུག་རྫི་ཡིན་པའི་ཨ་ཕས།།
སྡུག་ལ་མཆི་མ་བཞུར་བྱུང་།།
གནས་ཡུལ་སྐྱིད་དང་མ་སྐྱིད།།
རི་དང་སྡེ་བའི་བཤད་ཡོང་།།
སྡེ་མཐའ་ཉུལ་བའི་བུ་མོས།།
སྡུག་ལ་མཆི་མ་བཞུར་བྱུང་།།
རྒྱང་ཐག་རིང་དང་མ་རིང་།།
ལ་དང་ལུང་པའི་བཤད་ཡོང་།།
ས་ཐག་རང་བའི་བྱམས་པས།།
སྡུག་ལ་མཆི་མ་བཞུར་བྱུང་།།