༼ཟླ་འོད་འོག་གི་གླུ་ཆུང་།༽
ཚིག གྲ་གཉེན་ཚེ་རྒྱལ།
གདངས། ཀུན་དགའ་ལྷུན་གྲུབ།
གཞས་པ། འཕྱོངས་རྒྱས་བསོད་དབང་།
དགུང་སྔོན་མཐོན་པོའི་དབྱིངས་ནས།
དཀར་གསལ་ཟླ་བ་ཤར་དུས།
ཞལ་རས་དུང་ལྟར་དཀར་བའི།
མཛེས་ལྡན་ཁྱེད་རང་དྲན་བྱུང་།
ཞལ་རས་དུང་ཟླ་དཀར་པོ།
ཡ་གིའི་ཟླ་དང་མཉམ་ཡང་།
ཚེས་ཆེན་བཅོ་ལྔའི་བཞིན་དུ།
འཇལ་བའི་བསྐལ་བ་དཀོན་བྱུང་།
ཟླ་འོད་འོག་གི་གླུ་ཆུང་།
སེམས་པ་ངག་ནས་ཐལ་སོང་།
ཐག་རིང་མཛེས་ལྡན་ལྷ་མོ།
གསན་པ་ལ་ནི་ཨེ་བྱུང་།
སྐྱོ་པོ་མི་ཡི་ལུང་པར།
ཉི་མ་ལོ་ལས་རིང་བྱུང་།
ཐག་རིང་མཛེས་ལྡན་ལྷ་མོ།
ཡིག་ཆུང་ལན་གསུམ་གནང་དང་།
ཁེར་རྐྱང་མཚན་མོ་རེ་རེ།
ཁྱེད་རང་ཡིད་ལ་འཁོར་དུས།
དྲན་གདུང་ན་ཟུག་ལྕི་མོ།
འགོག་པའི་ཐབས་ཤེས་མ་བྱུང་།
ཟླ་འོད་འོག་གི་གླུ་ཆུང་།
སེམས་པ་ངག་ནས་ཐལ་སོང་།
ཐག་རིང་མཛེས་ལྡན་ལྷ་མོ།
གསན་པ་ལ་ནི་ཨེ་བྱུང་།