ང་ཡི་མ་ཡུམ་སློབ་ཆུང་།༼བདེ་ཆེན་༽
ཚིག་-པ་སངས་བསྟན་འཛིན།
གདངས་-རྟ་མགྲིན་ནོར་བུ།
ལྷ་ལྡན་གྲོང་གི་ནུབ་བྱང་སྟོད་ལུང་དུ།
ཕུ་ན་གངས་རི་སྤང་རི་གཡའ་རི་བརྗིད།
བར་དུ་ཆུ་མོ་གཙང་ཞིང་ཞིང་ཐང་མཛེས།
གནས་དེར་ང་ཡི་མ་ཡུམ་སློབ་ཆུང་ཡོད།
བོད་རྒྱལ་སྲོང་བཙན་བཙུན་མོ་མོང་བཟས་གཅིག
ཡང་དེའི་བློན་ཆེན་མགར་བ་སྟོང་བཙན་གཉིས།
སྨན་རྒྱལ་རྙིང་མ་ཡོན་རྟན་མགོན་པོས་གསུམ།
དེ་གསུམ་འཁྲུངས་སའི་གནས་མཆོག་ཨེ་མ་མཚར།
འདི་ནས་ལྷད་མེད་བྱིས་དུས་དྲན་འཆར་སྐྲུན།
འདི་ནས་ང་ཚོས་མི་ཚེའི་ཕུགས་འདུན་གཏོད།
ཨེ་མ་ང་ཡི་སློབ་ཆུང་བདེ་ཆེན་འདི།
ཡུན་ནས་ཡུན་དུ་དར་བའི་བཀྲ་ཤིས་ཤོག
བ་ཁམ་ཅན་གྱི་སློབ་ཁྲིད་ཁང་བཟང་དུ།
དིང་རབས་ཚན་རྩལ་གསར་པའི་སློབ་གསོ་དར།
ལུས་རྩལ་ཐང་ཆེན་ཡངས་པའི་རྩེད་ར་ན།
སློབ་མའི་ཚོགས་རྣམ་གང་འདོད་ལུས་སྦྱོང་བྱེད།
ངོ་མཚར་འབུམ་གྱིས་ཕྱུག་པའི་ཤེས་གླིང་འདི།
བྱམས་བརྩེའི་བཞིན་བཟང་འཛུམས་པའི་ཤེས་གཉེན་ཞུགས།
ཀ་ཞེས་འབོད་དང་འབྲི་བའི་ཐོག་མ་དང་།
ཟ་འདུག་སྤྱོད་གསུམ་ཚུལ་གྱི་གདམས་ངག་སྦྱིན།
འདི་ནས་ལྷད་མེད་བྱིས་དུས་དྲན་འཆར་སྐྲུན།
འདི་ནས་ང་ཚོས་མི་ཚེའི་ཕུགས་འདུན་གཏོད།
ཨེ་མ་ང་ཡི་སློབ་ཆུང་བདེ་ཆེན་འདི།
ཡུན་ནས་ཡུན་དུ་དར་བའི་བཀྲ་ཤིས་ཤོག
འདི་ནས་ལྷད་མེད་བྱིས་དུས་དྲན་འཆར་སྐྲུན།
འདི་ནས་ང་ཚོས་མི་ཚེའི་ཕུགས་འདུན་གཏོད།
ཨེ་མ་ང་ཡི་སློབ་ཆུང་བདེ་ཆེན་འདི།
ཡུན་ནས་ཡུན་དུ་དར་བའི་བཀྲ་ཤིས་ཤོག
ཤོག བཀྲ་་ཤིས་ཤོག བཀྲ་ཤིས་ཤོག
བཀྲ་ཤིས་ཤོག