ཕ་ཡུལ་ཐེ་བོ།\n\n ལྡོང་ཏིང་འཛིན་བཀྲ་ཤིས།\n\nགངས་རིའི་ཞིང་ཁམས་ཆེན་མོ་ཤར་ལྷོའི་ས་མཚམས་ན། \n\nབསིལ་ཆབ་འབྲུག་མོ་གཡུ་ཅན་ལྷུང་ལྷུང་སྔོན་ལ་རྒྱུག \n\n བན་བོན་དགོན་སྡེ་སྤང་ལ་མེ་ཏོག་བཞིན་གནས་འདིར་བཀྲ། \n\nརི་འཇམ་ཆུ་གཙང་གནས་མཆོག་ཁྱད་འཕགས་འདི། \n\nབདེ་ཞིང་སྐྱིད་པའི་ང་ཡི་ཕ་ཡུལ་ཡིན། \n\nཐེ་བོ། ངའི་སེམས་གཏིང་གི་རྨི་ཡུལ། \n\n བུ་ཆུང་ང་ནམ་ཡང་ཁྱེད་དང་འབྲལ་ཐབས་མེད། \n\n ས་འདིར་མོས་ནས་དཀར་ལས་བསྒྲུབ་པར་བྱ། \n\n\n \n\nདཔའ་མཛངས་བཙན་པོ་སྐབས་ཀྱི་མཐའ་དམག་གི་བུ་རྒྱུད་རྣམས། \n\n ཞིང་ཕྱུགས་གཉིས་ཀྱི་ལས་ལ་འབད་ཞིང་བརྩོན་པར་སྤྲོ། \n\nབསམ་པ་ལྷ་སར་འཁོར་ནས་ཇོ་བོ་ཤཱཀྱར་སྐོར་རེ་རྒྱག \n\n བྱམས་དང་ཤེས་རིག་གོམས་གཤིས་ཕྱུག་པའི་དགའ་ཚལ་འདི། \n\n བརྩེ་ཤིང་དུང་པའི་ང་ཡི་ཕ་ཡུལ་ཡིན། \n\n ཐེ་བོ། ངའི་སེམས་ཁོང་གི་དག་ཞིང་། \n\n བུ་ཆུང་ང་ནམ་ཡང་ཁྱོད་དང་འབྲལ་འདོད་མེད། \n\n ས་འདིར་ཆགས་ནས་སྐྱེ་དགུར་བསྔོ་སྨོན་བྱ།