༄༅།།ལས་འཛོམས།
གདངས། ཨ་ཁུ་དུངས་བརྩེ།
ཚིག ཤ་ཟན་རྩམ་པ་དགའ།
གླུ་བ སྡེ་རོང་པད་མ།
ཉི་མ་ཟླ་བ་རང་གཉིས།།
ཉིན་མཚན་ཨེ་གཅིག་བསམ་བྱུང་།།
རང་གཉིས་ཉིན་མཚན་མི་གཅིག་ཁ་ཁ།།
ཉིན་མོ་ཉི་མ་ཤར་བྱུང་།།
མཚན་མོ་ཟླ་བ་ཤར་བྱུང་།།
ཤར་ཤར་ཤར་ནས་ཤར་བྱུང་།།
ནུབ་ནུབ་ནུབ་ལ་ནུབ་སོང་།།
ཨེ་མ། འཛོམས་པ་ཡག་མོ།
འཛོམས་པ་ཨེ་འདྲ་ཡག་མོ།
ཨེ་མ། འཛོམས་པ་ཡག་མོ།
འཛོམས་པའི་གླུ་ཞིག་ལེན་རོགས།
ཉི་ཟླ་མཉམ་དུ་འཛོམས་པའི།།
སྐལ་བ་བཟང་པོ་ཤར་རོགས།།
ཕ་མ་བུ་སྲིང་རང་ཚོ།།
གཞིས་བྱེས་མེད་ན་བསམ་བྱུང་།།
རང་ཚོ་གཞིས་བྱེས་མི་གཅིག་ཁ་ཁ།།
གཞིས་སྲུང་དྲིན་ཆེན་ཕ་མ།།
བྱེས་འགྲོ་རིགས་བཟང་བུ་སྲིང་།།
སྲུང་སྲུང་གཞིས་ཁྱིམ་སྲུང་ཡོད།།
འགྲོ་འགྲོ་བྱེས་ལ་འགྲོ་ཚར།།
ཨཱོ། ཨེ་མ། འཛོམས་པ་ཡག་མོ།
འཛོམས་པའི་གླུ་ཞིག་ལེན་རོགས།
གཞིས་བྱེས་མཉམ་དུ་འཛོམས་པའི།།
སྐལ་བ་བཟང་པོ་ཤར་རོགས།།
གངས་རི་ཆུ་བོ་རང་གཉིས།།
འགྲོ་འདུག་གཅིག་ན་བསམ་བྱུང་།།
རང་གཉིས་འགྲོ་འདུག་མི་གཅིག་ཁ་ཁ།།
ཆུ་བོ་སྨད་ལ་ཆས་སོང་།།
གངས་རི་སྟོད་ན་ལུས་ཡོད།།
ཆས་ཆས་སྨད་ལ་ཆས་སོང་།།
ལུས་ལུས་སྟོད་ན་ལུས་ཡོད།།
ཨེ་མ། འཛོམས་པ་ཡག་མོ།
འཛོམས་པའི་གླུ་ཞིག་ལེན་རོགས།
འགྲོ་འདུག་གཅིག་ཏུ་ཆགས་པའི།།
སྐལ་བ་བཟང་པོ་ཤར་རོགས།།